ངོ་སྤྲོད་སྙིང་བསྡུས།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་སླད་རྒྱུན་སྤྱོད་དང་དེང་རབས་ཀྱི་རིག་ཚན་སྣ་ཚོགས་པའི་ཐ་སྙད་རྣམས་གཅིག་གྱུར་གཏན་འབེབས་དགོས་གལ་ལ་སོང་། བཀའ་ཤག་གི་གཙོ་སྐྱོང་འོག བོད་ཀྱི་དཔེ་མཛོད་ཁང་དང་། བོད་གཞུང་ཟློས་གར། བོད་གཞུང་སྨན་རྩིས་ཁང་། དྷ་ས་བོད་ཕྲུག་ཁྱིམ་སྡེ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རིགས་ལམ་སློབ་གཉེར་ཁང་། ཤེས་བྱ་ཀུན་བཏུས་རྩོམ་སྒྲིག་ཁང་། ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། སྲོང་བཙན་དཔེ་མཛོད་ཁང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། ཕྱི་དྲིལ་ཤེས་བྱ་དང་བོད་མིའི་རང་དབང་རྩོམ་སྒྲིག་པ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། བོད་ཀྱི་དུས་བབ་གསར་ཁང་། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲིད་ཞུ་ཁང་བཅས་ཀྱི་དབུ་འཛིན་ནམ་སྐུ་ཚབ་རྣམ་པའི་ཐོག དམིགས་བསལ་གདན་ཞུ་བྱས་པའི་མཁས་དབང་ Prof. Ramesh Chandra Tiwari, Prof. Krishna Nath, Prof. Suniti Kumar Pathak,Shri Jeet Sen Negi སྣར་སྐྱིད་ངག་དབང་དོན་གྲུབ། རྔ་པ་ཆོས་གྲགས་བཅས་ལྷན་ཚོགས་ཀྱི་བཀའ་བསྡུར་སྐབས།
༡༽ ལས་འཆར་གྱི་སྒྲོམ་གཞིའི་བཀོད་སྒྲིག
༢༽ ཐ་སྙད་གཏན་འབེབས་བརྒྱུད་ལམ་དང་ཁྱབ་སྤེལ་བྱ་ཐབས།
༣༽ བརྡ་ཆད་གསར་བཟོ་དང་འདེམས་སེལ་གྱི་རྩ་འཛིན་ལམ་སྟོན།
༤༽ མུ་མཐུད་ཁ་སྐོང་བྱ་ཐབས་བཅས་ཀྱི་སྐོར་
ཕྱི་ལོ་ ༢༠༠༤ ལོར་ཉིན་གཉིས་རིང་བཀའ་བསྡུར་གནང་བའི་སྙིང་དོན་ལྟར། ཤེས་རིག་ལས་ཁུངས་ནས་ལག་བསྟར་གྱི་འཆར་གཞི་བཀའ་ཤག་ལ་སྙན་འབུལ་ཞུས་པར་ཕྱི་ལོ་ ༢༠༠༥ ལོ་མགོར་ལག་བསྟར་བྱ་འཐུས་བཀའ་འཁྲོལ་ཐོབ་མ་ཐག་མཉམ་ཞུགས་སྡེ་ཁག་གི་ལས་བྱེད་བཅོ་ལྔར་ཟབ་སྦྱོང་། རྒྱུ་ཆ་དང་མཐུན་རྐྱེན་མཁོ་སྒྲུབ། ཤེས་ལས་ཀྱི་འབྲེལ་ཡོད་ཚན་པར་ལས་བྱེད་ཐབས་འཚོལ། མཁས་པའི་སློབ་སྟོན་ཚོགས་ཆུང་བཀོད་སྒྲིག མཉམ་ཞུགས་སྡེ་ཁག་སོ་སོར་རིག་ཚན་བགོ་འགྲེམས་དང་། ལག་བསྟར་ལམ་སྟོན། འགྲོ་གྲོན་མཐུན་སྦྱོར་སོགས་རྨང་གཞིའི་བཀོད་སྒྲིག་དམ་ནན་བཅས་དངོས་སུ་ལས་འགོ་བཙུགས་པ་ནས་ད་ལྟའི་བར་འཛིན་སྐྱོང་དང་། དངོས་ཁམས། རྫས་སྦྱོར། གསོ་བ་རིག་པ། སྐར་རྩིས། སྐྱེ་དངོས། རྩི་ཤིང་། ས་དཔྱད་རིག་པ། སེམས་ཀྱི་ཚན་རིག ཨང་རྩིས་སོགས་ཀྱི་བརྡ་ཆད་ཟིན་བྲིས་བཏབ་ཟིན་པ་རྣམས་བརྒྱུད་རིམ་ངེས་ཅན་ཁག་བརྒྱུད་བཞིན་པའི་ཁོངས་ནས། མཐའ་མའི་གཏན་འབེབས་གནང་བའི་དེབ་ཕྲེང་དང་པོ་ཕྱི་ལོ་ ༢༠༠༨ ལོར་འགྲེམས་སྤེལ་ཟིན་ཞིང་། དེ་རྗེས་ལོ་ལྟར་དེབ་ཕྲེང་རེ་རེ་པར་འགྲེམས་བྱེད་མུས་ཀྱིས་ད་བར་དེབ་ཕྲེང་དགུ་འདོན་སྤེལ་ཟིན་པ་དང་། མ་ཚིག་སོ་སོའི་རྗེས་ཐོག་ཏུ་དངོས་ཁམས་དང་། རྫས་སྦྱོར། འཛིན་སྐྱོང་། ཁྲིམས། འཕྲུལ་རིག་སོགས་སྐབས་ཐོག་གི་ཨིན་ཡིག་བྱ་ར་གསར་འཇུག་བྱས་ཡོད།
མཐའ་དོན་བོད་ཀྱི་སྐད་ཡིག་སྨྲ་བ་རྣམས་ཀྱིས་འདིར་གཏན་འབེབས་ཟིན་པའི་བརྡ་ཆད་རྣམས་སྐབས་མ་འཆོལ་བར་གཅིག་གྱུར་བེད་སྤྱོད་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་གི་ངོ་བོ་སོར་གནས་དང་ཡར་རྒྱས་ལ་མཉམ་རུབ་དང་རམ་འདེགས་ཡོང་བའི་རེ་སྐུལ་ཞུ་རྒྱུ་བཅས། །