Browse Our Dictionary
T

turmeric

སྒ་སེར། = ལོ་མ་སྒོག་སྐྱའི་ལོ་མ་འདྲ། རྩ་བ་ཕྱི་ཤུན་སྒ་དམར་འདྲ། ནང་གི་དམར་སེར་མདངས་དང་ལྡན། ཞེས་བསྟན་པ་ལྟར། འདི་ནི་ལོ་མང་སྐྱེ་བའི་འདུམ་པོ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང༌། རྩ་བའི་ཕྱི་སྐྱ་ལ་ནང་སེར་ཞིང་ཆེ་ཆུང་ངེས་པ་མེད་ཅིང་། མགོ་སྦྲེལ་བའི་རྩ་བ་ལྔ་དྲུག་ཙམ་ཡོད་པའི་བར་ནས་རྩ་ཕྲན་ཤིན་ཏུ་ཕྲ་བ་ཁ་ཤས་ཡོད་པའི་རྩེར་རྩ་ཕྲན་ཆུང་ལ་རིལ་བ་གྲོ་བའི་དབྱིབས་འདྲ་ཞིང་རྩེ་སྨྱུང་བ་རེ་རེ་ཡོད་པ་དང། ལོ་མ་སྔོ་ལྗང་འཇམ་ཞིང་མཐུག་པར་འོད་མདངས་རྒྱས་པ་མདུང་རྩེའི་དབྱིབས་འདྲ་བ། ཞེང་ཆེ་ཞིང་རྩེ་རྣོ་བའི་མཐའ་མཉམ་ལ་སྨད་ཅུང་ཕྲ་བའི་ངར་བ་རིང་བ་དང་། ངར་བ་སྐྱེ་མཚམས་ལེབ་ཅིང་ཕན་ཚུན་བཏུམས་ནས་མཉམ་དུ་སྐྱེ་ཞིང། སྡོང་པོའི་ལོ་མ་རྣམས་ཕྲ་ལ་རྩེ་རྣོ་བ་རིམ་པས་བྱ་སྤུ་གནོན་ལྟར་སྐྱེས་པའི་རྩེར་མེ་ཏོག་སེར་ཞིང་དྭངས་པ་སྙེ་དབྱིབས་མེ་ཏོག་བང་རིམ་དུ་ཤར་གྱི་ཡོད། འདིའི་རྩ་བ་སེར་པོ་དེ་ཟས་གཡོ་སྦྱོར་གྱི་སྨན་ནར་སྤྱོད་ཁྱབ་ཆེ།